ཀྲུའུ་ཏེ།

༄༅། དམར་དམག་ལྕགས་ལྟ་བུ་ཞིག་ཇི་ལྟར་གསར་དུ་འཛུགས་དགོས།

(1931ལོའི་ཟླ་7པར།)


རྩོམ་ཡིག་འདི་ཀྲུང་གོ་གུང་ཁྲན་ཏང་གི་སུའུ་ཝེ་ཨེད་ས་ཁུལ་གྱི་ཀྲུང་དབྱང་ཅུས་ཀྱི་ལས་ཁུངས་ཚགས་པར་《འཐབ་འཛིང་》ཞེས་པའི་1931ལོའི་ཟླ་7པའི་དུས་དེབ་གཉིས་པ་དང་གསུམ་པའི་ཐོག་ཏུ་སྟུད་མར་བཀོད་ཅིང་། དེབ་འདིའི་ནང་བསྡུ་སྐབས་ཉུང་བསྡུ་ཕྲན་ཙམ་བྱས་ཡོད།


དམར་དམག་ལྕགས་ལྟ་བུ་ཞིག་གསར་དུ་འཛུགས་རྒྱུ་ནི་མིག་སྔར་ང་ཚོའི་ཏང་གི་དགོས་གཏུག་ཤིན་ཏུ་ཆེ་བའི་ལས་འགན་ཆེ་ཤོས་ཡིན། དམར་དམག་ལྕགས་ལྟ་བུ་དེ་ལ་ངེས་པར་དུ་གཤམ་གྱི་རྩ་བའི་ཆ་རྐྱེན་དྲུག་པོ་འཛོམ་དགོས་པ་འདི་ལྟར།

དང་པོ། དམར་དམག་གི་གྲལ་རིམ་གྱི་རང་བཞིན་གཏན་ལ་འབེབས་དགོས།

དམར་དམག་ནི་བཟོ་ཞིང་གི་དམག་དཔུང་ཡིན་ཅིང་། ངལ་རྩོལ་མི་དམངས་ཀྱི་དམག་དཔུང་ཡིན་ཞེས་བཤད་ནའང་ཆོག དམར་དམག་གི་ལོ་རྒྱུས་ཀྱི་ལས་འགན་ནི་སྲིད་དབང་བླངས་ཐོག་བཟོ་ཞིང་རང་ཉིད་ཀྱི་སུའུ་ཝེ་ཨེད་སྲིད་དབང་〔1〕འཛུགས་པ་དང་དེ་སྲ་བརྟན་དུ་བཏང་ནས་འབྱོར་མེད་གྲལ་རིམ་དང་ངལ་རྩོལ་མང་ཚོགས་མཐའ་དག་ལ་ཆབ་སྲིད་དང་དཔལ་འབྱོར་ཐོག་ཡོངས་སུ་བཅིངས་འགྲོལ་ཐོབ་པ་བྱེད་རྒྱུ་ཡིན། ལོ་རྒྱུས་ཀྱི་ལས་འགན་དེ་འགྲུབ་ཆེད་དམར་དམག་གི་རྩ་འཛུགས་ཀྱི་གྲུབ་ཆ་ལ་ངེས་པར་དུ་གྲལ་རིམ་གྱི་རང་བཞིན་ཡག་པོ་ཞིག་ཡོད་དགོས་པ་སྟེ། བཟོ་ཞིང་ངལ་རྩོལ་མང་ཚོགས་ལ་མ་གཏོགས་དམར་དམག་ཏུ་ཞུགས་རྒྱུའི་ཐོབ་ཐང་མེད།

ཀྲུང་གོའི་དམར་དམག་ནི་ས་ཞིང་གསར་བརྗེ་གོང་འཕེལ་དང་གཏིང་ཇེ་ཟབ་ཏུ་འགྲོ་བའི་བྱ་རིམ་ནང་དུ་བྱུང་བ་དང་སྟོབས་ཆེ་རུ་ཕྱིན་པ་ཞིག་ཡིན། དེའི་རྩ་འཛུགས་ཀྱི་གྲུབ་ཆ་གཙོ་བོ་ནི་ས་ཞིང་གསར་བརྗེའི་ནང་ཁེ་ཕན་རག་པའི་ཞིང་པ་གླ་པ་དང་། ཞིང་དབུལ། ཞིང་འབྲིང་བཙས་རེད། དེའི་དམག་དོན་གྱི་ལས་བྱེད་པ་སྤྱི་དང་ཁྱད་པར་དུ་ཆབ་སྲིད་འགོ་ཁྲིད་ལས་བྱེད་པ་བསྐོ་སྐབས། སྐྱེ་ཁུངས་ནི་གྲོང་ཁྱེར་གྱི་སྔོན་ཐོན་འབྱོར་མེད་གྲལ་རིམ་ཡིན་པ་རྣམས་ཨང་དང་པོའི་གྲས་སུ་འཇོག་དགོས། གྲོང་གསེབ་ཀྱི་ཞིང་པ་གླ་པའི་བཟོ་ཚོགས་དང་། ཞིང་དབུལ་ཚོགས་པ། ལྷག་པར་དུ་གྲོང་ཁྱེར་གྱི་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་དུས་བཀག་ལྟར་རང་ཉིད་ཀྱི་ཆབ་སྲིད་ཐད་བློ་བརྟན་ཞིང་འགྱུར་བ་མེད་མཁན་རྣམས་འགུགས་ཐབས་བྱས་ཏེ་དམར་དམག་གི་དཔུང་སྡེ་འཐུས་སྒོ་ཚང་བ་དང་རྒྱ་ཆེ་རུ་གཏོང་དགོས། ངེས་མེད་རྒོལ་རྡུང་རུ་ཁག་དང་དམར་སྲུང་རུ་ཁག་ནང་གི་འཐབ་རྩོད་ཀྱི་ལོ་རྒྱུས་དང་ལྡན་པའི་ཧུར་བརྩོན་ཅན་རྣམས་སྐོང་འཐེན་བྱས་ཏེ་དམར་དམག་ལ་ཞུགས་སུ་འཇུག་རྒྱུའི་དགོས་པ་ནི་དེ་བས་ཀྱང་ཆེན་པོ་འདུག་པ་དེ་སྔོན་གྱི་ཉམས་མྱོང་དང་ད་ལྟའི་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱེད་ཐུབ།

གཉིས་པ། ལབ་གླེང་མེད་པར་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྟེན་དགོས།

གུང་ཁྲན་ཏང་ནི་འབྱོར་མེད་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་པས། བཟོ་ཞིང་དམར་དམག་གིས་གུང་ཁྲན་ཏང་གི་འགོ་ཁྲིད་ཡང་དག་པར་མ་བརྟེན་ན་རང་གི་གཉའ་ལ་བབ་པའི་ལོ་རྒྱུས་ཀྱི་ལས་འགན་རླབས་ཆེན་དེ་སྒྲུབ་མི་ཐུབ། ཀྲུང་གོའི་དམར་དམག་མ་བྱུང་སྔོན་གྱི་དུས་སུ་ངེས་མེད་རྒོལ་རྡུང་དམག་འཁྲུག་ལ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བ་རེད། གུང་ཁྲན་ཏང་གིས་ཡང་དག་པའི་སྒོ་ནས་ས་ཞིང་གསར་བརྗེ་བྱེད་པ་དང་། མང་ཚོགས་བློ་འགུག་བྱེད་པའི་ཐབས་ཇུས་ལག་ལེན་དུ་བསྟར་ཏེ་ངེས་མེད་རྒོལ་རྡུང་རུ་ཁག་དེ་རིམ་བཞིན་དམར་དམག་ཏུ་བསྒྱུར་རྒྱུ་དང་། དམར་དམག་གི་སྟོབས་ཤུགས་རིམ་བཞིན་རྒྱ་ཆེ་རུ་བཏང་བ་དང་ཤུགས་སྣོན་བརྒྱབ་ནས་གཞི་ཁྱོན་ཆེ་བའི་གསར་བརྗེའི་དམག་འཁྲུག་སྤེལ་འགོ་ཚུགས་ཏེ་དམག་ཤེད་ཅན་བར་གྱི་ཟིང་འཁྲུག་མེད་པར་བཟོ་རྒྱུ། སུའུ་ཝེ་ཨེད་ཀྱི་ལས་འགུལ་རྒྱ་ཆེ་རུ་གཏོང་རྒྱུ། གསར་བརྗེའི་གནས་གཞིའི་ས་ཁུལ་བརྟན་པོར་འཛུགས་རྒྱུ། ཀྲུང་དབྱང་སྲིད་གཞུང་གསར་དུ་འཛུགས་རྒྱུ་བཅས་གཏན་འབེབས་གནང་བ་རེད། རྙོག་འཛིང་དང་དཀའ་ངལ་ཆེ་བའི་ལས་འགན་རླབས་པོ་ཆེ་འདི་དག་ནི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ལ་མ་གཏོགས་རྒྱལ་ཡོངས་ཀྱི་གསར་བརྗེའི་སྟོབས་ཤུགས་དང་རམ་འདེགས་ཡང་དག་དང་འཛམ་གླིང་ཡོངས་ཀྱི་གསར་བརྗེའི་ལས་འགུལ་གོང་དུ་འཕེལ་ཚུལ་དང་ཀྲུང་གོའི་གསར་བརྗེའི་བར་གྱི་འབྲེལ་བར་རྒྱུས་ལོན་པ་བྱས་ཐོག རྦད་དེ་གསར་བརྗེར་ཕན་པའི་ཐབས་ཇུས་བཀོད་དེ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དང་ལེགས་འགྲུབ་ཡོང་བ་བྱེད་མི་ཐུབ།

དགོས་མེད་ཕྱོགས་ཁག་〔2〕གིས་བལྟས་ན། ས་ཞིང་གསར་བརྗེ་གོང་དུ་འཕེལ་བ་ནི་ཞིང་པས་འབྱོར་མེད་གྲལ་རིམ་ལ་འགོ་ཁྲིད་དང་གྲོང་གསེབ་ཀྱིས་གྲོང་ཁྱེར་ལ་འགོ་ཁྲིད་བྱས་པས་རེད་བསམས་པ་དང་། ཐ་ན་དམར་དམག་ནི་“ཇག་པ་དང་ཁྲམ་པ་མཉམ་དུ་བསྡུས་པའི་ཁྭ་ཏའི་ཁྱུ་ཚོགས་“ལྟ་བུ་”ཡིན་པས། མི་རིང་བར་རྩ་མེད་དུ་གཏོང་དགོས་ཞེས་བཤད་མཁན་ཡང་འདུག དགོས་མེད་ཕྱོགས་ཁག་གིས་དམར་དམག་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཐད་ཀའི་འགོ་ཁྲིད་འོག་ཏུ་བྱུང་བ་དང་འཕེལ་རྒྱས་སུ་སོང་བ་ཞིག་ཡིན་པ་རྩ་བ་ནས་ཁས་མ་བླངས་པ་དང་། དམར་དམག་རྒྱ་བསྐྱེད་བྱུང་བ་ནི་ས་ཞིང་གསར་བརྗེ་ཇེ་ཟབ་ཏུ་སྤེལ་བ་དང་། གྲོང་གསེབ་ནང་གི་རྒྱ་ཆེའི་ཞིང་དབུལ་མང་ཚོགས་ཀྱི་བརྩི་བཀུར་ཐོབ་པས་ཡིན་པ་རྩ་བ་ནས་ཁས་མ་བླངས་པ་རེད། གོ་མིན་ཏང་དང་བཙན་རྒྱལ་རིང་ལུགས་པས་དམར་དམག་ནི་གུང་ཁྲན་ཏང་གི་ཐད་ཀའི་འགོ་ཁྲིད་འོག་ཏུ་བྱུང་བའི་གསར་བརྗེའི་དྲག་ཤུགས་རླབས་ཆེན་ཞིག་ཡིན་པ་གསལ་པོར་ཤེས་ཟིན་པས། ང་ཚོ་རང་ཉིད་ཀྱིས་གྲལ་རིམ་གྱི་ལངས་ཕྱོགས་ཀྱི་ཐོག་ནས་གནད་འདི་དེ་བས་ཀྱང་གསལ་བར་ཤེས་དགོས། དམར་དམག་ནང་གི་དམག་དོན་བཀོད་འདོམས་སྤྱི་དང་། ཁྱད་པར་དུ་ཆབ་སྲིད་ཨུ་ཡོན་གྱི་ལམ་ལུགས་དང་ཆབ་སྲིད་སྦྱོང་བརྡར་དངོས་སུ་ལག་ལེན་དུ་བསྟར་རྒྱུ་དེ་ངེས་པར་དུ་རྦད་དེ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་ནས་ལག་ལེན་དུ་བསྟར་དགོས།

འབྱོར་མེད་གྲལ་རིམ་གྱི་གདོང་ལེན་རུ་ཁག་(གུང་ཁྲན་ཏང་)གིས་དམར་དམག་ནང་གི་ཆབ་སྲིད་ཨུ་ཡོན་ནམ་ཆབ་སྲིད་ལས་ཁུངས་(ཆབ་སྲིད་པུའུ་དང་ཆབ་སྲིད་ཁྲུའུ་)བརྒྱུད་ནས་རང་གི་འགོ་ཁྲིད་ཀྱི་ནུས་པ་འདོན་གྱི་ཡོད། ཆབ་སྲིད་ཨུ་ཡོན་གྱིས་ཐད་ཀར་སློབ་སྟོན་བྱེད་པའི་འོག་གི་ཆབ་སྲིད་ལས་ཁུངས་ནི་སུའུ་ཝེ་ཨེད་སྲིད་དབང་གི་ཆ་ཤས་ཤིག་ཡིན་པ་དང་། དམར་དམག་གི་ནང་དུ་ཏང་གི་ཆབ་སྲིད་ལམ་ཕྱོགས་དང་སྒྲིག་ཁྲིམས་དངོས་སུ་ལག་ལེན་བྱེད་མཁན་ཡིན་སྟབས། དམར་དམག་ནང་གི་ཏང་པུའུ་ཡིས་ཆབ་སྲིད་ཨུ་ཡོན་ནམ་ཆབ་སྲིད་ལས་ཁུངས་ཀྱི་སློབ་སྟོན་འོག་ལས་ཀ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་གིས་དམར་དམག་ལ་གནང་བའི་བཀའ་རྒྱ་དང་པོའི་ནང་མངོན་མངོན་གསལ་གསལ་དུ་བསྟན་དོན། ཆབ་སྲིད་ཨུ་ཡོན་ནི་དམར་དམག་ནང་གི་ཀྲུང་དབྱང་སུའུ་ཝེ་ཨེད་སྲིད་དབང་དང་ཏང་གི་སྐུ་ཚབ་ཡིན་པས། དམག་དཔུང་ནང་གི་སྒྲིག་ཁྲིམས་དང་། ཆབ་སྲིད་ཀྱི་གོ་རྟོགས། འཐབ་འཛིང་གི་སྟོབས་ཤུཊ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ལ་ཁོའང་བཀོད་འདོམས་པ་རྣམས་དང་མཚུངས་ཏེ་འགན་འདྲ་འདྲ་འཁུར་དགོས། ཏང་དང་ཐོན་གྱི་རྩ་འཛུགས་ཀྱི་ལས་འགན་གཙོ་བོ་ནི། འཐབ་འཛིང་པ་དམར་པོ་རྣམས་དང་མང་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་མཐོ་རུ་གཏོང་རྒྱུ་དང་། དམག་དཔུང་གི་འཐབ་འཛིང་གི་སྟོབས་ཤུགས་དང་སྒྲིག་ཁྲིམས་སྲ་བརྟན་དུ་གཏོང་རྒྱུ་ཡིན། ཆབ་སྲིད་ཨུ་ཡོན་གྱིས་དམག་དཔུང་གི་གནས་ཚུལ་ལ་ཁྱོན་ཡོངས་ནས་འགན་འཁུར་དགོས་པས། དེ་བཞིན་ཏང་རྩ་འཛུགས་ཀྱི་གནས་ཚུལ་ལའང་འགན་འཁུར་དགོས་པ་སྨོས་ཅི།

གོང་གསལ་གྱི་མཛུབ་སྟོན་ལྟར་བསྒྲུབས་ན། དམར་དམག་གི་ནང་དུ་གཞི་ནས་སྲ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ཨུ་ཡོན་ལམ་ལུགས་འཛུགས་ཐུབ་པ་དང་། དམར་དམག་གི་ནང་དུ་ཏང་གིས་འགོ་ཁྲིད་བྱེད་པ་དེ་ཧ་ཅང་ཡང་དག་པའི་སྒོ་ནས་ལག་ལེན་བྱེད་ཐུབ། དུས་མཚུངས་སུ་ཏང་གིས་ངེས་པར་དུ་ཆབ་སྲིད་ཨུ་ཡོན་འདེམ་པར་དོ་སྣང་ཤིན་ཏུ་ཆེན་པོ་བྱེད་དགོས་ཏེ། རིམ་པ་སོ་སོའི་ཆབ་སྲིད་ཨུ་ཡོན་ནི་བློ་དཀར་སེམས་དཀར་དང་། དཔའ་ངར་ཆེས་ཆེར་ལྡན་པ། བློ་བརྟན་ཞིང་འགྱུར་བ་མེད་པ། གྲལ་རིམ་གྱི་གོ་རྟོགས་རྣམ་པར་མཐོ་བ་སོགས་ཀྱི་གུང་ཁྲན་ཏང་ཡོན་གྱིས་བྱེད་དགོས་པ་དང་། བཟོ་པའི་ལས་བྱེད་པ་ཡག་ཤོས་རྣམས་ཡར་འཐེན་དང་གསོ་སྐྱོང་གང་ཐུབ་བྱས་ཏེ་ཆབ་སྲིད་ཨུ་ཡོན་བྱེད་དུ་འཇུག་དགོས། དེ་འདྲ་བྱས་ན་དམར་དམག་ནང་དུ་འབྱོར་མེད་གྲལ་རིམ་གྱི་འགོ་ཁྲིད་ཡང་དག་པ་དེ་གཞི་ནས་སྲ་བརྟན་དུ་གཏོང་ཐུབ་པ་དང་། དམར་དམག་ད་གཟོད་ལྕགས་ལྟ་བུའི་དམར་དམག་ཏུ་འགྱུར་ཐུབ།

གསུམ་པ། ཆབ་སྲིད་ཀྱི་སྦྱོང་བརྡར་བྱེད་རྒྱུ་གལ་ཆེན་པོ་ཡིན།

དམར་དམག་གི་ཆབ་སྲིད་སྦྱོང་བརྡར་དེ་འབྱོར་ལྡན་གྲལ་རིམ་གྱི་དམག་དཔུང་གི་ཆབ་སྲིད་སྦྱོང་བརྡར་དང་རྩ་བ་ནས་མི་འདྲ་བའི་ཁྱད་ཆོས་ནི། འབྱོར་ལྡན་གྲལ་རིམ་གྱིས་ཆབ་སྲིད་སྦྱོང་བརྡར་ནི་གྲལ་རིམ་གྱི་འདུ་ཤེས་གཡོ་འགེབས་བྱེད་ཕྱིར་མགོ་སྐོར་གཏོང་བྱེད་ཀྱི་ལག་ཆར་བསྒྱུར་པ་དང་། གྲལ་རིམ་ལས་འདས་ཤིང་། ཁ་བཤད་དོན་ལ་གཏན་ནས་མི་གནས་པའི་ཁ་གསག་གཏམ་སྙན་དུ་བསྒྱུར་པར་དམར་དམག་གིས་རྩ་བའི་ཆ་ནས་ངོ་རྒོལ་བྱས་ཤིང་། དམར་དམག་གི་ཆབ་སྲིད་སྦྱོང་བརྡར་ནི་བཀོད་འདོམས་པ་དང་འཐབ་འཛིང་པ་རྣམས་ཀྱི་འབྱོར་མེད་གྲལ་རིམ་གྱི་གོ་རྟོགས་སད་པ་དང་མཐོར་འདེགས་བཏང་ནས་རང་གི་གྲལ་རིམ་གྱི་ཁེ་ཕན་ངོས་གསལ་པོར་ཟིན་དུ་བཅུག་སྟེ། གྲལ་རིམ་ཉིད་ཀྱི་ཆབ་སྲིད་ཀྱི་ལས་འགན་ཧུར་བརྩོན་གྱིས་སྒྲུབ་པ་དང་། དགྲ་བོ་དང་ཤི་གསོན་ཐག་གཅོད་ཀྱི་འཐབ་རྩོད་བྱས་ཏེ་དགྲ་བོ་རྩ་མེད་དུ་གཏོང་བ་དང་རང་གི་གྲལ་རིམ་བཅིངས་འགྲོལ་གཏོང་བའི་དམིགས་ཡུལ་འགྲུབ་ཐབས་བྱེད་རྒྱུ་དེ་ཡིན། དམར་དམག་ལྕགས་ལྟ་བུ་ཞིག་གསར་འཛུགས་བྱེད་བསམས་ན། ངེས་པར་དུ་དམར་དམག་གི་བཀོད་འདོམས་པ་དང་འཐབ་འཛིང་པ་རྣམས་ཐོག་མར་གུང་ཁྲན་ཏང་གི་འགོ་ཁྲིད་ལ་ཡོངས་སུ་མོས་གུས་བྱེད་དུ་འཇུག་དགོས་པ་དང་། གུང་ཁྲན་ཏང་ལ་བཟོ་ཞིང་མཉམ་འབྲེལ་བྱེད་པར་མཛུབ་ཁྲིད་བྱེད་པའི་ལས་འགན་ཡོད་ཚུལ་དང་། འབྱོར་མེད་གྲལ་རིམ་གྱིས་གསར་བརྗེའི་ནང་དུ་འགོ་ཁྲིད་ཀྱི་ནུས་པ་ཐོན་དགོས་ལུགས། གསར་བརྗེའི་དམག་འཁྲུག་གི་གྲལ་རིམ་གྱི་ངོ་བོ་ནི་ཀྲུང་གོ་ཡོངས་ཀྱི་བཟོ་ཞིང་དང་ངལ་རྩོལ་མང་ཚོགས་བཅིངས་འགྲོལ་གཏོང་རྒྱུ་ཡིན་པ། དམག་འཁྲུག་གི་ནང་དུ་རང་ཉིད་ཀྱིས་ཧུར་བརྩོན་ཆེན་པོས་ལས་འགན་ཆ་ཤས་བསྒྲུབས་པ་ནི་དམག་འཁྲུག་ལ་རྒྱལ་ཁ་ཡོངས་སུ་ཐོབ་པའི་བརྩོན་ལེན་བྱེད་པའི་ཆེད་དུ་ཡིན་པ། མང་ཚོགས་ཀྱི་སྟོབས་ཤུགས་ནི་རླབས་ཆེ་བ་ཞིག་ཡིན་གཤིས་དམར་དམག་གིས་ངེས་པར་དུ་མང་ཚོགས་དང་མཉམ་འབྲེལ་དམ་པོར་བྱེད་དགོས་ལུཊ། མིག་སྔར་ཀྲུང་གོའི་གསར་བརྗེ་ནི་ངེས་པར་དུ་དམར་དམག་གོང་དུ་འཕེལ་བ་དང་། བཟོ་པའི་གྱེན་ལངས་དང་ཞིང་པའི་གྱེན་ལངས་དང་དམག་མིའི་གྱེན་ལངས་དང་བཅས་པའི་གསར་བརྗེའི་འཐབ་རྩོད་ཀྱི་སྟོབས་ཤུགས་རིགས་བཞིས་རམ་འདེགས་མ་བྱས་ན་རྒྱལ་ཁ་ཡོངས་སུ་འཐོབ་མི་ཐུབ་པ་བཅས་ཤེས་པར་བྱེད་དགོས། ལྷག་པར་དུ་ཀྲུང་གོ་གསར་བརྗེའི་ད་ལྟའི་བྱ་རིམ་དང་མདུན་ལམ། ཀྲུང་གོ་ཡོངས་དང་འཛམ་གླིང་ཡོངས་ཀྱི་གསར་བརྗེའི་འཕེལ་ཤུགས་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་ད་ལྟའི་སྣང་ཚུལ་གསལ་པོར་ཤེས་དགོས་པ་དང་། གཏིང་ཟབ་པའི་སྒོ་ནས་དགྲ་བོའི་དཔུང་སྒར་ཧྲིལ་པོའི་ནང་དཔལ་འབྱོར་དང་ཆབ་སྲིད་ཐད་ཉམས་ཉེན་ཤིན་ཏུ་ཚབས་ཆེན་བྱུང་བ་ནི་ཀྲུང་གོའི་གསར་བརྗེར་ཕན་ཐོགས་ཡོད་པ་ངོས་གསལ་པོར་ཟིན་པ་དང་འབྲེལ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ་དམར་དམག་གིས་འཆི་ཁའི་དུས་ལ་སླེབས་པའི་གསར་བརྗེར་ངོ་རྒོལ་པ་གོ་མིན་ཏང་དང་བཙན་རྒྱལ་རིང་ལུགས་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་བརྟན་པོ་བྱེད་དགོས།

ཆབ་སྲིད་ཀྱི་ཐོག་འདི་འདྲའི་བརྟན་ཞིང་འགྱུར་བ་མེད་པའི་ཡིད་ཆེས་ཡོད་པ་དེ་ནི་འགོག་ཐབས་དང་བྲལ་བའི་གཟུགས་མེད་ཀྱི་མཚོན་ཆ་ཐོགས་པ་དང་འདྲ་ཞིང་། བསམ་པའི་ཐད་དུ་དམར་དམག་ལྕགས་ལྟ་བུ་ཞིག་འཛུགས་པར་རྨང་གཞི་གཏིང་བ་ཡིན་པས། གསར་བརྗེ་བྱེད་རིམ་དུ་ཐུག་པའི་དཀའ་ངལ་གང་ལས་ཀྱང་རྣམ་པར་རྒྱལ་བ་དང་། ཛ་དྲག་ཆེ་བའི་འཐབ་རྩོད་གང་རུང་གི་ཉམས་ཚོད་ཐེག་པ་བྱས་ཏེ་འཐབ་རྩོད་ཇི་ཙམ་བྱས་ན་ནུས་མཐུ་དེ་ཙམ་ཆེ་རུ་བསྐྱེད་ནས་མཐའ་མར་རྒྱལ་ཁ་ལེན་ཐུབ་པ་སྨོས་ཅི་དགོས།

བཞི་པ། དམག་དོན་གྱི་ལག་རྩལ་མཐོ་རུ་གཏོང་དགོས།

ལག་རྩལ་ཉིན་རེ་བཞིན་གོང་དུ་འཕེལ་བའི་དེང་རབས་སུ། དམག་འཁྲུག་གི་ནང་དུ་ལག་རྩལ་གྱི་ནུས་པ་ལྷག་པར་དུ་ཤུགས་ཆེ་རུ་སོང་བ་དང་། ལག་རྩལ་སྤྱོད་པའི་ཤེས་ཡོན་གྱི་སྦྱོང་བརྡར་ཡང་རྙོག་འཛིང་དུ་སོང་བར་མ་ཟད། ལག་རྩལ་འཕེལ་རྒྱས་བྱུང་བའི་དབང་གིས་འཐབ་རྩལ་གྱི་རྩ་དོན་དེའང་འགྱུར་ལྡོག་བྱུང་བ་རེད།

ལག་རྩལ་རྗེས་སུ་ལུས་པའི་ཀྲུང་གོས་དམག་འཁྲུག་གི་ནང་དུ་རིམ་གྱིས་ཡར་ཐོན་གྱི་ལག་རྩལ་སྤྱད་ནས་དུས་རབས་ཕྱེད་ཀ་ལྷག་འདས་ཤིང་། རི་པིན་དང་འཇར་མན་གྱི་འཐབ་རྩལ་སྤྱད་ནས་ཧ་ལམ་དུས་རབས་ཕྱེད་ཙམ་སོང་ཡོད། ད་ལྟ་ཀྲུང་གོའི་དམག་ཤེད་ཅན་ཚོས་སྤྱོད་བཞིན་པའི་ལག་རྩལ་དང་འཐབ་རྩལ་ནི་བཙན་རྒྱལ་རིང་ལུགས་ལ་ཡེ་ནས་མི་དོ་བ་ལྟ་ཅི་སྨོས་མོད། འོན་ཀྱང་བཙན་རྒྱལ་རིང་ལུགས་ཀྱིས་རྒྱབ་ཕྱོགས་ནས་རྟག་ཏུ་མཁོ་སྤྲོད་དང་རོགས་རམ་བྱེད་ཀྱིན་ཡོད་པས། ཀྲུང་གོའི་དམག་འཁྲུག་ནི་ཉིན་རེ་བཞིན་དེང་རབས་ཅན་དུ་འགྱུར་བཞིན་ཡོད། ཀྲུང་གོའི་མཚོན་ཆ་གསར་པ་རྣམས་རྒྱལ་ཁབ་སོ་སོ་ནས་འོངས་ཤིང་། མཚོན་ཆའི་རིགས་ཀྱང་ཉིན་རེ་བཞིན་སྣ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན་དམར་དམག་གིས་འཐབ་རྩལ་གྱི་ཆ་ནས་ངེས་པར་དུ་དགྲ་བོ་ལས་བརྒལ་ཐུབ་པར་བྱེད་དགོས་པ་དང་འབྲེལ་དགྲ་བོའི་ལག་ནས་ང་ཚོར་མཚོན་ཆ་གསར་པ་ཐོབ་འཕྲལ་དུ་ཇི་ལྟར་སྤྱོད་པ་ཤེས་ཕྱིར། ལག་རྩལ་གྱི་ཕྱོགས་ནས་ཀྱང་ངེས་པར་དུ་མཚོན་ཆ་གསར་པ་སྤྱོད་པའི་ཤེས་ཡོན་འབད་བརྩོན་ཆེན་པོས་སྦྱང་དགོས།

ཀྲུང་གོའི་དམར་དམག་གི་འཐབ་རྩལ་ཐད་ལ་དུས་ཡུན་རིང་བའི་ངེས་མེད་རྒོལ་རྡུང་དམག་འཁྲུག་གི་ནང་ནས་ཉམས་མྱོང་གསར་པ་མི་ཉུང་བ་ཞིག་ཐོབ་ཡོད་པ་དང་། ཁྱད་པར་དུ་ལྷོ་ཕྱོགས་ཀྱི་རི་ཁུལ་དམག་འཁྲུག་གི་ནང་ནས་གྲུབ་འབྲས་གསར་པ་མང་པོ་ཐོབ་པར་མ་ཟད། དམར་དམག་གི་འཐབ་སེམས་རྒྱས་པའི་ཕར་རྒོལ་གྱི་སྙིང་སྟོབས་དེའང་སྦྱོང་བརྡར་བྱུང་མོད། འོན་ཀྱང་ད་ལྟ་གསར་བརྗེའི་དམག་འཁྲུག་གི་གཞི་ཁྱོན་ཉིན་རེ་བཞིན་རྒྱ་ཆེ་རུ་འགྲོ་བཞིན་ཡོད་སྟབས། དམར་དམག་གི་དཔའ་ངར་དང་ལྡན་པའི་གདོང་མཆོང་ཁོ་ནར་བརྟེན་ན་མི་འགྲིག་ལ་དམར་དམག་ལ་ཐོབ་ཟིན་པའི་དམག་འཁྲུག་གི་ཉམས་མྱོང་ཁོ་ནར་བརྟེན་ན་ཡང་ཕྱི་རོལ་ཡུལ་གྱི་དགོས་མཁོ་དང་མཐུན་ཐབས་མེད་པས། ངེས་པར་དུ་འཐབ་རྩལ་ཡག་ཏུ་ཇེ་མགྱོགས་སུ་བཏང་སྟེ་རྒྱལ་ཡོངས་ཀྱི་ཁྱོན་དུ་དམག་འཁྲུག་རྒྱག་རྒྱུའི་གྲ་སྒྲིག་བྱེད་དགོས་པར་མ་ཟད། བཙན་རྒྱལ་རིང་ལུགས་དང་ཐད་ཀར་དམག་འཁྲུག་རྒྱག་རྒྱུའི་གྲ་སྒྲིག་ཀྱང་བྱེད་དགོས། དོན་དངོས་སུ་དམར་དམག་གིས་ལུང་ཀྲོའུ་དང་། ཁྲང་ཧྲ་དང་། འབྲི་ཆུའི་དབུས་རྒྱུད་བཅས་སུ་བཙན་རྒྱལ་རིང་ལུགས་ཀྱི་མེ་སྒྱོགས་དང་གནམ་གྲུའི་མདུན་ནས་བསུས་ཏེ་དམག་འཁྲུག་ཐེངས་མང་བརྒྱབ་པ་རེད〔3〕

ཀྲུང་དབྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམར་དམག་གི་སྒྲིག་སྲོལ་བསྒྱུར་རྒྱུ་ཐག་བཅད་ནས་རྩ་འཛུགས་ཀྱི་ཐད་ནས་གཡུལ་ལས་སུ་ཞུགས་པའི་སྟོབས་ཤུགས་ཇེ་ཆེར་བཏང་བ་རེད། དམར་དམག་གི་སློབ་ཁྲིད་ཀྱི་ལམ་སྲོལ་གསར་པ་རྩོམ་བཅོས་བྱས་ནས་ཕྱི་ཚུལ་རིང་ལུགས་མཐའ་དག་མེད་པར་བཟོས་པ་དང་བྱེས་འཐབ་དང་གྲོང་ཁྱེར་ལ་རྒོལ་བར་གོ་ཆོད་པའི་འཐབ་རྩལ་ལ་མཐོང་ཆེན་པོ་བྱས་པ་དེ་ནི་གསར་བརྗེ་སྤེལ་བའི་དུས་སྐབས་ཀྱི་དགོས་མཁོ་གསར་པ་དང་མཐུན་ཐབས་བྱས་ནས་དམར་དམག་ལྕགས་ལྟ་བུར་མཁོ་བའི་ལག་རྩལ་དང་འཐབ་རྩལ་ཐོག་མར་གྲ་སྒྲིག་བྱས་པ་ཞིག་རེད།

ལྔ་པ། རང་རྟོགས་ཀྱིས་སྒྲིག་ཁྲིམས་ལྕགས་ལྟ་བུ་དེ་སྲུང་དགོས།

དམར་དམག་གི་སྒྲིག་ཁྲིམས་ནི་གྲལ་རིམ་ཧྲིལ་པོའི་ཁེ་ཕན་དང་། གསར་བརྗེའི་ཁེ་ཕན། གསར་བརྗེའི་འཐབ་རྩོད་ཀྱི་དགོས་མཁོ་བཅས་གཞིར་བཟུང་ནས་གཏན་ལ་ཕབ་པ་ཞིག་ཡིན། དམར་དམག་གི་སྒྲིག་ཁྲིམས་དེ་ཉིད་བཀོད་འདོམས་པ་དང་འཐབ་འཛིང་པ་ཚང་མས་འདྲ་མཉམ་གྱིས་སྲུང་དགོས་ཤིང་། དམག་མིར་གཉའ་གནོན་བྱེད་པའི་ཆེད་དུ་བཙུགས་པའི་དཀར་དམག་གི་སྒྲིག་ཁྲིམས་དང་གཏན་ནས་མི་འདྲ། དམར་དམག་གི་སྒྲིག་ཁྲིམས་ནི་གཅར་རྡུང་དང་སྡིགས་མོ་བྱེད་པར་བརྟེན་ནས་སྲུང་འཛིན་བྱེད་པ་ཞིག་གཏན་ནས་མིན་པར། འབྱོར་མེད་གྲལ་རིམ་གྱི་མཐུན་སྒྲིལ་གྱི་ཐོག་ཏུ་བཙུགས་པ་དང་། རང་སྐྱོན་རང་བརྗོད་ཀྱི་སྙིང་སྟོབས་དང་སློབ་གསོ་གཏོང་བའི་སྙིང་སྟོབས་ལ་བརྟེན་ནས་ཕན་ཚུན་ལྟ་སྐུལ་དང་སྐུལ་ལྕག་བཏང་སྟེ་རང་རྟོགས་ཀྱིས་སྒྲིག་ཁྲིམས་སྲུང་ཐུབ་པ་བྱེད་རྒྱུ་དེ་ཡིན། དམར་དམག་དགྲ་བོ་དང་འཐབ་པའི་སྐབས་སུ་བྱ་སྤྱོད་གཅིག་གྱུར་ཡོད་ལ་འདོད་བློའང་གཅིག་གྱུར་ཡོད་ཅིང་། རང་གི་གྲལ་རིམ་དང་གསར་བརྗེའི་ཁེ་ཕན་ལ་གནོད་པ་སྐྱེལ་རྒྱུ་ལྟ་ཞོག་གྲལ་རིམ་དང་གསར་བརྗེའི་ཁེ་ཕན་གྱི་ཆེད་དུ་རང་སྲོག་མ་ཆད་བར་དུ་འཐབ་འཛིང་བྱེད་དགོས།

རང་རྟོགས་ཀྱིས་སྒྲིག་ཁྲིམས་སྲུང་བའི་སྙིང་སྟོབས་སྐྱེད་སྲིང་དང་ཇེ་ཆེར་གཏོང་རྒྱུ་ནི་བཀོད་འདོམས་པ་དང་འཐབ་འཛིང་པ་སོ་སོའི་བསམ་པ་རྣམ་པར་དག་པ་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་དག་གཅིག་ཏུ་སྦྲེལ་ནས་དམག་ཡོངས་ཀྱི་བསམ་པ་རྣམ་པར་དག་པ་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་པ་ཞིག་ཏུ་བསྒྱུར་དགོས། རང་རྟོགས་ཀྱིས་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་པའི་དམར་དམག་འདི་ལྟ་བུ་ཞིག་ཡོད་ན། དེ་ནི་དམར་དམག་ལྕགས་ལྟ་བུ་ཞིག་ཡིན་པར་གོར་མ་ཆག

དྲུག་པ། བཀོད་འདོམས་གཅིག་སྡུད་དང་སྦྱོང་བརྡར་གཅིག་གྱུར་བྱེད་དགོས།

དམར་དམག་ནི་སུའུ་ཝེ་ཨེད་སྲིད་དབང་ནང་གི་རྩ་འཛུགས་ཁྱད་པར་ཅན་ཞིག་ཡིན། དེས་ཀྲུང་གོའི་བཟོ་ཞིང་དམངས་གཙོའི་གསར་བརྗེའི་ལས་འགན་ལེགས་པར་འགྲུབ་དགོས་པར་མ་ཟད། སྤྱི་ཚོགས་རིང་ལུགས་གསར་འཛུགས་དང་སྲུང་སྐྱོབ་བྱེད་མཁན་ཀ་རྡོ་ལྟ་བུར་ཡང་འགྱུར་དགོས། དམར་དམག་གིས་རྒྱལ་ནང་གི་དམག་ཤེད་ཅན་གྱི་དམག་དཔུང་དང་འཐབ་དགོས་པར་མ་ཟད། མཚོན་ཆ་ཆེས་ཆེར་ཡར་ཐོན་ཡིན་ལ་རྩ་འཛུགས་ཆེས་ཆེར་འཐུས་སྒོ་ཚང་བའི་བཙན་རྒྱལ་རིང་ལུགས་ཀྱི་དམག་དཔུང་དང་དམག་འཁྲུག་ཀྱང་རྒྱག་དགོས་པར་བརྟེན། དམག་འཁྲུག་གསར་པའི་ཁོར་ཡུག་དང་འཚམ་པ་བྱེད་ཆེད། དམར་དམག་ཉིད་ཀྱི་སྒྲིག་སྲོལ་དེ་ངེས་པར་དུ་ཡར་ཐོན་ཡོང་གང་ཐུབ་བྱེད་དགོས་པ་དང་སྦྱོང་བརྡར་གཅིག་གྱུར་དང་བཀོད་འདོམས་གཅིག་སྡུད་བྱེད་དགོས། དམར་དམག་གིས་དམག་འཁྲུག་རྒྱག་སྐབས་སུ་གནས་ཚུལ་ཅི་འདྲ་བྱུང་ནའང་སྟོབས་ཤུགས་གཅིག་སྡུད་གང་ཐུབ་ཅི་ཐུབ་བྱས་ནས་རང་གི་གྲལ་རིམ་གྱི་དགྲ་བོའི་དྲག་དཔུང་རྡུལ་དུ་བརླག་དགོས། འོན་ཀྱང་འདིར་ངས་ངེས་པར་དུ་ཡང་བསྐྱར་གསལ་པོར་བཤད་དགོས་པ་ནི། དམར་དམག་གི་འཐབ་འཛིང་གི་ནུས་པ་དེ་དམག་དོན་ལག་རྩལ་གྱི་ཆ་རྐྱེན་ལ་བརྟེན་པར་རག་ལས་པར་མ་ཟད། གཙོ་ཆེ་ཤོས་ནི་དམར་དམག་གི་གྲལ་རིམ་དང་ཆབ་སྲིད་ཀྱི་གོ་རྟོགས་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་དང་རྒྱ་ཆེའི་བཟོ་ཞིང་མང་ཚོགས་བསྐུལ་སློང་བྱེད་པ། དགྲ་བོའི་དམག་དཔུང་ནང་འགལ་བྱེད་པ་བཅས་ལ་བརྟེན་དགོས་པ་ལའང་རག་ལས་པ་རེད།

མཇུག་ཏུ་བདག་གིས་བཤད་དགོས་པ་ནི་དམར་དམག་ལྕགས་ལྟ་བུ་ཞིག་གསར་དུ་འཛུགས་རྒྱུ་ནི་འཐབ་རྩོད་ཀྱི་བྱ་རིམ་ནང་དུ་བསྒྲུབ་དགོས། ད་ཆ་ང་ཚོས་སྔོན་ཆད་དམར་དམག་གི་འཐབ་རྩོད་ཀྱི་ཉམས་མྱོང་རྣམས་འཚོལ་སྡུད་དང་དག་སྒྲིག་བྱེད་པ་དང་སྦྲགས་གོང་དུ་གསལ་བའི་མཐུན་རྐྱེན་གཞིར་བཟུང་ནས་དམར་དམག་ལྕགས་ལྟ་བུ་ཞིག་གསར་འཛུགས་བྱས་པ་དང་རྒྱ་ཆེ་རུ་བཏང་ནས་དམར་དམག་གི་རླབས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ལེགས་འགྲུབ་ཡོང་བ་བྱེད་རྒྱུ་ནི་དུས་སྐབས་གང་ཞིག་ལས་ཀྱང་དགོས་མཁོ་ཆེ།